སྒྲོལ་དཀར་ཡིད་བཞིན་འཁོར་ལོ།
རྣམ་པ། ཞལ་གཅིག། ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་དང་། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤལ་དཀར་པོའི་རྩ་བ་ཐུགས་ཀར་འཛིན་པ། སྐུ་མདོག་དཀར་པོ། ཞབས་རྡོ་རྗེ་སྐྱིལ་ཀྲུང་། སྤྱན་བདུན་མ།
གསོལཝ་བཏབ་པའི་ཕན་ཡོན། གནས་སྐབས་སྤྱིར་འཇིགས་པ་བརྒྱད་དང་བར་ཆད་ཐམས་ཅད་ཞི་བ་དང། བསམ་པའི་དོན་ཐམས་ཅད་གེགས་མེད་དུ་གྲུབ་ཅིང་། ཁྱད་པར་ཚེའི་འགལ་རྐྱེན་མཐའ་དག་ཞི་ནས་འཆི་མེད་ཚེའི་དངོས་གྲུབ་དང་། མཐར་ཐུག་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །
འབྱུང་ཁུངས། སྟོན་པ་ཤཱཀྱ་ཐུབ་པ་མཆོག་གི་ཆོས་འཁོར་རིམ་པ་གསུམ་ལས་གསང་སྔགས་རྡོ་རྗེ་ཐེག་པ། དེ་ལུ་རྒྱུད་སྡེ་བཞི་ལས་བྱ་རྒྱུད་ཀྱི་ཁོངས་སུ་གཏོགས།
སྒྲུབ་ཐབས་ཀྱི་བརྒྱུད་པ། རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་པའི་སློབ་དཔོན་ཆེན་པོ་མང་དུ་བྱོན་པའི་ནང་གསེས་ངག་གི་དབང་ཕྱུག་གྲགས་པ་ཞེས་རྗེ་བཙུན་སྒྲོལ་མ་ཞལ་གཟིགས་གདམས་པ་ཐོབ་པ་དེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་དང་པོ་མཛད། དེ་ལས་གསེར་གླིང་པ། ཇོ་བོ་རྗེ། འབྲོམ་སྟོན་པ་སོགས་ལས་རིམ་པ་བཞིན་ཀུན་མཁྱེན་པདྨ་དཀར་པོ་ལ་བབས། ཀུན་མཁྱེན་པདྨ་དཀར་པོ་དང་མཁས་གྲུབ་ལྷ་དབང་བློ་གྲོས་གཉིས་ནས་ཞབས་དྲུང་རིན་པོ་ཆེ་ངག་དབང་རྣམ་རྒྱལ་གྱིས་གསན་ཞིང་བསྒྲུབས་པ་མཛད་དེ་ཞལ་གཟིགས་བྱུང་བའི་མཐར་འབྲུག་རྒྱལ་ཁབ་ཏུ་དར་ཁྱབ་བྱུང་བ་ཡིན།
བསྟོད་པ་དང་གསོལ་འདེབས། ༀ། འཁོར་བ་ལས་སྒྲོལ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་ར་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེངས་སུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་བཀྲ་ཞིང་། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོན་པའི་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །
ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡུམ། །ཡུམ་གྱུར་ལྷ་མོ་ཁྱེད་ལ་ཕྱག་འཚལ་ལོ། །
འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་ཆད་དང་། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་སྐྱབས་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱེད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱེད་ལ་གསོལ་འདེབས་ཀྱིས། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །ལྷ་མོ་སྐུ་མདོག་ཟླ་བའི་མདོག །སྒེག་ཅིང་དུལ་བའི་ཆ་བྱད་ཅན། །གཟུགས་ལྡན་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པའི་དར་གྱི་སྨད་གཡོགས་ཅན། །པདྨ་ཟླ་བའི་དབུས་གནས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། །ཁྱེད་ལ་ཆ་ཙམ་བསྟོད་པ་འདིས། །བདག་ཅག་བྱང་ཆུབ་སྒྲུབ་པ་ལ། །དུས་འདི་ནས་བཟུང་བྱང་ཆུབ་བར། །མི་མཐུན་ཕྱོགས་རྣམས་ཞི་བ་དང་། །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག།