སྦྱོང་བ།/ཡོ་ག།

སྦྱོང་བ་གི་ཕོན་ཡོན། 

༡ རྩིགཔ་ཟ་ནི་ཉུང་སུ་བཟོཝ་ཨིན།

རྩིགཔ་ཟ་ནི་ཟེར་མི་འདི་གཙོ་བོ་རང་ ལས་རླུང་ལུ་བརྟེན་སྐྱེ་བའི་ ཉོན་མོངས་པ་ཞེ་སྡང་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། ཕྲག་དོགས་ཚུ་ཡོདཔ་ལས་བརྟེན་ཏེ་བྱུངམ་ཨིན། སྦྱོང་བའི་རིམ་པ་འདི་གིས་ ལུས་ཀྱི་རང་བཞིན་རྩ་རླུང་ཐིག་ལེ་ལུ་གནད་དུ་བསྣུན་པའི་བསྒང་ལས། རྩ་མདུད་གྲོལ། ལས་རླུང་རང་སར་དག་འགྱོཝ་ཨིན།

རྩ་མདུད་གྲོལ། ལས་རླུང་དག་པའི་བསྒང་ལས་ དེ་ལུ་བརྟེན་ཏེ་བྱུང་བའི་ཉོན་མོངས་པའི་རྣམ་རྟོག་ཚུ་ཡང་ཡལ་འགྱོཝ་ཨིན། དེ་མེད་པའི་བསྒང་ལས་ སེམས་ལུ་རྩིགཔ་ཟ་ནི་ཚུ་ཡང་ངམ་ངམ་ཤུགས་ཀྱིས་ ཉུང་སུ་ཉུང་སུ་འགྱོཝ་ཨིན།

༢ སེམས་འཚབ་འཚུབ་འབད་ནི་སངསམ་ཨིན།

སེམས་འཚབ་འཚུབ་འབད་མི་འདི་ལུ་ རྒྱུ་མཚན་རྣམ་པ་གསུམ་ཡོད། གཅིག་གདོན་གྱི་རྩ་ཚུ་བརྒྱུད་དེ་ ཕྱིའི་གདོན་བགེགས་འབྱུང་པོ་ཚུ་གིས་ སྤྱིར་འབྱུང་བཞིའི་ཁམས་དང་། ལྷག་པར་དུ་ འབྱུང་བ་རླུང་དཀྲུགས་ཏེ་ལོག་པ་ལུ་བརྟེན་ཏེ། སེམས་འཚབ་འཚུབ་བཟོཝ་ཨིན། གཅིག་རྩའི་ངོ་བོ་ལུ་ཡོད་མི་ ལྷ་ཚུ་གི་དམ་ཚིག་དང་འགལ་བའི་བསྒང་ལས་ དེ་གིས་རྐྱེན་འབད་ཞིན་ན་ རང་གི་སེམས་ལུ་གནོད་པ་ཞུགས་ཏེ་ སེམས་གཏན་ཏན་མེདཔ་དང་། འཚབ་འཚུབ་འབདཝ་ཨིན། གཅིག་སེམས་གནས་སའི་རྟེན་རྩ་ཚུ་དང་། དེ་ལུ་གནས་པའི་རླུང་ལུ་སྐྱོན་ཞུགསཔ་ད། སེམས་ལུ་སྟབས་མ་བདེཝ་དང་། འཚབ་འཚུབ་འབྱུངམ་ཨིན།

སྐྱོན་དེ་ཚུ་བསལ་ཐབས་ ལེ་ཤ་ཡོད་རུང་ གཙོ་བོ་རང་ རྩའི་སྐྱོན་བསལ་ནིའི་དོན་ལུ་ ལུས་སྦྱོང་འཕྲུལ་འཁོར་གྱི་རིམ་པ་དང་། རླུང་གི་སྐྱོན་བསལ་ནིའི་དོན་ལུ་ རླུང་སྦྱོར་ཚུ་ཚུལ་མཐུན་འབད་བ་ཅིན་ རིམ་པ་བཞིན་དུ་ རྩ་རླུང་གི་སྐྱོན་ཚུ་ཞི། དེ་ཞི་བའི་བསྒང་ལས་ སེམས་ཧེ་མ་ག་ཨིན་མིའི་འདིའི་རང་བཞིན་ལུ་ལྷོད་ཞིན་ན་ གནས་སྐབས་སེམས་འཚབ་འཚུབ་སངསམ་མ་ཚད། མཐར་ཐུགས་སེམས་དངོས་པོའི་གནས་ལུགས་རྟོགས་ནི་ལུ་ཡང་ཕན་ཐོགས་ཡོད། 

༣ སེམས་ཀྱི་ནད་གཞི་མར་ཕབ་འབདཝ་ཨིན།

སེམས་ཀྱི་ནད་གཞི་དེ་ལུ་ཕྱིའི་རྐྱེན་ལས་བརྟེན་ཏེ་འབྱུང་མི་ཅིག་དང་། ནང་གི་རྒྱུ་ལས་བརྟེན་ཏེ་འབྱུང་མི་ཅིག་ཡོད།  ནང་གི་རྒྱུ་ལས་བརྟེན་ཏེ་འབྱུང་མི་དེ་ལུ་ཡང་ ཚེ་ཧེ་མའི་ལས་ལས་བརྟེན་ཏེ་འབྱུང་མི་ཅིག་དང་། མི་ཚེ་ད་ལྟོའི་རྐྱེན་རྩ་རླུང་དཀྲོགསཔ་ལས་བརྟེན་ཏེ་འབྱུང་མི་ཟེར་གཉིས་ཡོད།

སྦྱོང་བའི་རིམ་པ་དེ་གིས་ གོང་ལུ་ཞུ་དོ་བཟུམ་སྦེ་གཙོ་བོ་ རྩ་རླུང་ལུ་སྐྱོན་ཞུགས་ཏེ་ སེམས་ཁམས་ཀྱི་ནད་གཞི་ཐོབ་ཡོད་མི་ཚུ་ རྩ་རླུང་གི་གེགས་བསལ་བོགས་འདོན་གྱི་ རིམ་པ་ལུ་འཇུག་པ་ཅིན་བསལ་ཚུགས། དེ་ལས་བརྟེན་ རིམ་པ་བཞིན་དུ་ ཚེ་ཧེ་མའི་ལས་སྒྲིབ་ཚུ་ཡང་དག་སྟེ་ སེམས་ཁམས་ཀྱི་ནད་ཀྱི་རྒྱུའི་གཙོ་བོ་ ཉོན་མོངས་པ་དུག་གསུམ་ཡང་ ཡལ་ཏེ་ སེམས་ཧིང་སང་ས་འགྱོཝ་ཨིན། 

༤ སེམས་ཀྱི་འཇིགས་སྣང་སངསམ་ཨིན། 

སེམས་ཀྱི་འཇིགས་སྣང་ཟེར་མི་འདི་ ནང་གི་འབྱུང་བ་ལྔའི་རང་བཞིན་རྩ་རླུང་ཚུ་ འཁྲུགས་པ་ལུ་བརྟེན་ཏེ་ ཕྱིའི་འབྱུང་བ་ཚུ་ཡང་འཁྲུགས་ཏེ་ མིག་ཏོ་ཁར་མེད་བཞིན་དུ་ རྣམ་པ་སྣ་ཚོགས་མཐོང་ནི་དང་། རྣ་བ་ལུ་འདྲ་མི་འདྲ་གོ་ནི་དང་། སེམས་ཁ་ལུ་རྣམ་རྟོག་ལེ་ཤ་ཤརཝ་ལས་བརྟེན་ཏེ་འབྱུངམ་ཨིན།

དེའི་སྐྱོན་བསལ་ཐབས་ལུ་ འབྱུང་བ་ལྔའི་རང་བཞིན་རྩའི་རླུང་ལྔ་དང་། ཡན་ལག་གི་རླུང་ལྔ་བཅུན། དེ་ལུ་བརྟེན་ཏེ་ཕྱི་ནང་གི་འབྱུང་བ་ལྔ་རང་སར་དག་པའི་བསྒང་ལས་ རྣམ་ཤེས་ཚོགས་དྲུག་གི་ ངོ་བོ་ངོ་མ་ཤར་ཏེ་ སེམས་ལུ་ཡོད་པའི་འཇིགས་སྣང་ཚུ་ཡལ་འགྱོཝ་ཨིན།

༥ གདོང་དང་ལགཔ་ལུ་གཉེར་མ་མ་ཆགསཔ་བཟོཝ་ཨིན།

གདོང་དང་ལགཔ་ལུ་གཉེར་མ་ཆགས་མི་འདི་ རྒྱུ་རྐྱེན་གཙོ་བོ་རང་ གཟུགས་ཀྱི་རྩ་སྐམ་པ་དང་། ཡང་ན་ རྩ་མདུད་ཕུད་བཏབ་སྟེ་ཡོདཔ་ལས་ རླུང་མི་རྒྱུ། རླུང་མི་རྒྱུའི་བསྒང་ལས་ གདོང་དང་ལགཔ་ཚུ་ལུ་གཉེར་མ་ཆགསཔ་ཨིན།

དེའི་སྐྱོན་བསལ་ཐབས་ལུ་ རྩ་རླུང་གི་འཕྲུལ་འཁོར་ཏེ་ ལུས་སྦྱོང་དང་རླུང་སྦྱོར་ལུ་བརྩོན་པ་ཅིན་ རྩ་ཉམས་པ་གསོ་ནི་དང་། རྩ་མདུད་གྲོལཝ་ཨིན། རྩ་ཉམས་པ་གསོ་བ་དང་། རྩ་མདུད་གྲོལ་བའི་བསྒང་ལས་ རྩ་ནང་རླུང་ལེགས་ཤོམ་འབད་འགྱོ་སྟེ་ གདོང་དང་ལགཔ་ལུ་གཉེར་མ་མི་ཆགསཔ་ཨིན།

 ཤི་རནམ་ད་གནད་གཅོད་ཀྱི་སྡུག་བསྔལ་ལས་ཐརཝ་ཨིན།

གནད་གཅོད་ཀྱི་སྡུག་བསྔལ་དང་། བར་དོའི་འཇིགས་པའི་སྒྲ་དང་། སྡུག་བསྔལ་ཚུ་ག་ར་ རང་རྒྱུད་ལུ་ཡོད་པའི་ འབྱུང་བའི་རང་བཞིན་ རྩ་བ་དང་ཡན་ལག་གི་རླུང་ཚུ་ལོག་པ་ལུ་བརྟེན་ཏེ་འབྱུངམ་ཨིན། 

དེའི་སྐྱོན་བསལ་ཐབས་ལུ་ འབྱུང་བའི་རང་བཞིན་རྩ་བ་དང་ཡན་ལག་གི་ རླུང་གི་སྐོར་ལས་ཧ་གོ་ཞིན་ན་ རླུང་སྦྱོར་ཡང་ནས་ཡང་འབད་བ་ཅིན་ རླུང་ལུ་རང་དབང་ཐོབ་ཅིང་། རླུང་གི་གནས་ཚུལ་རྟོགས་ཏེ་སྐྱོན་དེ་ཚུ་ལས་ཐརཝ་ཨིན།

དེ་ཚུ་གི་སྐོར་ལས་རྗེ་བཙུན་མི་ལ་རས་པ་གིས། རྩ་ཡོན་པོ་ལྔ་པོ་རླུང་གིས་བསྲང་། །རླུང་ལོག་པ་ལྔ་པོ་མལ་དུ་བསད། །ཅེས་དང་། ཀུན་མཁྱེན་པདྨ་དཀར་པོ་གིས་བརྟག་གཉིས་སྤྱི་དོན་ལས། དབུ་མ་དང་རོ་རྐྱང་འབྲེལ་བའི་མཚམས་ཀྱི་བུ་ག་ཐད་ཀྱི་རོ་རྐྱང་ཤིན་ཏུ་འཁྱོགས་པས་གཅུས་པ་ལྟ་བུར་སོང་བའི་ཕྱིར། དེར་རྩ་མ་འདྲོངས་བར་དུ་རླུང་རགས་པ་རྒྱུ་མ་ཐུབ། རྩ་འདྲོངས་པ་ནི་རླུང་གིས་གང་བ་ལ་ལྟོས་ཏེ། རྣལ་འབྱོར་བསྒོམ་པ་ལས་གཞན་གྱིས་རྙེད་པར་དཀའ་བའི་ཕྱིར། ཞེས་སོགས་དང་། རྣལ་འབྱོར་ལམ་སྟོབས་ཀྱིས་གང་བའི་ཚེ། དབུ་མ་དང་འགྲོ་འོང་གཅིག་ཏུ་བྱེད་པས། ཞེས་པ་ལ་སོགས་པ་གསུངས་ཡོད་དོ། །